2013年5月26日星期日

《天安门民主大学复校宣言》藏文版

དམངས་གཙོའི་སློབ་ཆེན་བཀག་པ།

 འདོན་སྤེལ། ༢༠༡༣/༠༥/༢༠

ཕྱི་སྡོད་རྒྱ་རིགས་ཤེས་ཡོན་པས་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་སློབ་ཆེན་དྲ་ཐོག་ནས་དབུ་འབྱེད་བྱས་ཏེ་ཆུ་ཚོད་ ༡༠ ཙམ་ལས་མ་འགོར་བར་རྒྱ་ནག་ནང་བཀག་འགོག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་དབུ་འཁྲིད་པ་དང་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་བའི་ཕྱི་སྡོད་རྒྱ་རིགས། དེ་བཞིན་རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་བ་བཅས་ཀྱི་གཙོ་གཉེར་འོག གནམ་བདེ་སྒོ་མོ་ཆེ་དམངས་གཙོའི་སློབ་ཆེན་དྲ་ཐོག་ནས་སླར་གསོ་དབུ་འབྱེད་གནང་ཡོད་ཀྱང་། ཆུ་ཚོད་ ༡༠ ཙམ་ལས་མ་འགོར་བར་རྒྱ་ནག་ནང་བཀག་སྡོམ་བྱས་ཏེ་དྲ་སྒོ་འབྱེད་མི་ཐུབ་པར་གྱུར་ཡོད་འདུག 

སློབ་ཆེན་སླར་གསོ་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ཧྥང་ཀྲིན་གྱིས་གསར་འགྱུར་བརྒྱུད་ལམ་དུ། སློབ་ཆེན་དེ་སླར་ཡང་དྲ་ཐོག་ནས་དབུ་འབྱེད་གནང་བར་འཛམ་གླིང་གི་ཡུལ་ཕྱོགས་གང་ས་ནས་ཤེས་ཡོན་པ་མང་པོས་དགའ་མོས་ཆེན་པོ་ཐོབ་ཡོད་ཀྱང་། དབུ་འབྱེད་གནང་རྗེས་ཆུ་ཚོད་ ༡༠ ཙམ་གྱི་རྗེས་སུ་རྒྱ་གཞུང་གི་དྲ་ལམ་འགོག་རྒོལ་བས་བཀག་འགོག་བྱས་ཏེ། རྒྱ་ནག་ནང་ལོགས་ནས་སློབ་ཞུགས་ཐོ་འགོད་སོགས་བྱེད་པར་དཀའ་ངལ་འཕྲད་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ན། སློབ་ཆེན་དེའི་གལ་ཆེན་རང་བཞིན་གསལ་བོ་མཚོན་ཡོད་སྟབས། ལས་གཞི་དེ་རྒྱ་ནག་ནང་སླར་གསོ་བྱ་རྒྱུ་མཚམས་འཇོག་བྱེད་རྒྱུ་མིན་ལུགས་བརྗོད་འདུག 

གནམ་བདེ་སྒོ་མོ་ཆེ་དམངས་གཙོའི་སློབ་ཆེན་ཞེས་པ་དེ་ནི། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༣ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༠ ཐོག་རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ། དམངས་གཙོ་དོན་གཉེར་ཅན་སློབ་ཆེན་དགེ་རྒན་དང་སློབ་མ་ཁྲི་ཕྲག་མང་པོ་འདུ་འཛོམས་ཐོག་གསར་དུ་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་གནང་ནས་ཆུ་ཚོད་ ༢༤ ཙམ་ལས་མ་འགོར་བར་རྒྱ་གཞུང་གིས་ལྕགས་འཁྲབ་འཁོར་ལོ་དང་མེ་མདས་རྩ་གཏོར་བཏང་ཡོད་ཀྱང་། ཕྱི་སྡོད་རྒྱ་རིགས་ཤེས་ཡོན་པ་དང་དམངས་གཙོ་དོན་གཉེར་མཁན་ཚོས་རྒྱ་ནག་ནང་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཁྱབ་སྤེལ་དང་། ལོ་རྒྱུས་ཀྱི་དངོས་བྱུང་དོན་རྐྱེན་ལ་ཕྱིར་དྲན་བཅས་བྱེད་པའི་ཆེད་དུ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། སློབ་ཆེན་དེ་བསྐྱར་དུ་དྲ་ལམ་http://TiananmenUniv.net བརྒྱུད་དེ་དངོས་སུ་དབུ་འབྱེད་གནང་ཡོད་ཅིང་། དྲ་ཐོག་ནས་སློབ་མ་བསྡུ་ལེན་དང་སློབ་ཁྲིད་སོགས་མགོ་འཛུགས་བྱས་ཡོད་འདུག 

ཤོག་ངོས་འདི་ཐེངས་ ༡༥༦༩ ལ་བཀླགས་འདུག

  原文链接 TIBET TIME